༈ སྔ་འགྱུར་ཀཿཐོག་ཨ་འཛོམ་འོད་ གསལ་མདོ་སྔགས་ཆོས་འཁོར གླིང་།
Ngagyur Kathok Adzom Wosel Dongag Choekorling
Some beautiful pictures during the Inauguration of Azom Ougyen Drodulling Old Age Home at Nubri. 31 of October and 1st November 2018
༈ བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལྷར་བཅས་འགྲོ་བ་མཐའ་དག་གི་མ་འདྲིས་པའི་མཛའ་བཤེས་དམ་པར་གྱུར་པ་གང་གི་འདས་ལོ་ ༢༥༦༢ བོད་རྒྱལ་ལོ་ ༢༡༤༥ རབ་བྱུང་བཅུ་བདུན་པའི་རྣམ་འཕྱང་འབྱུང་བ་བཞི་ལྡན་ས་ཁྱི་དབྱུ་གུ་ཟླ་བའི་མར་ངོ་རྒྱལ་བ་གཉིས་པ་སྟོན་པ་ལྷ་ལས་བབ་པའི་དུས་ཚེས་ཁྱད་པར་ཅན་དང་སྟབས་བསྟུན་ད་ལྟ་བལ་ཡུལ་རྒྱལ་ཁོངས་སུ་གཏོགས་པ་ནུབ་རི་གངས་རི་བཀྲ་ཤིས་དཔལ་བཟང་གི་གཡས་ཟུར་ཚགས་རྡོ་རྗེ་བྲག་གི་ཉེ་འགྲམ་འོག་སྒོམ་ཞེས་བྱ་བའི་གནས་མཆོག་ཏུ་ཨ་འཛོམ་ནམ་སྤྲུལ་རིན་པོ་ཆེ་འགྱུར་མེད་རྒྱ་མཚོ་མཆོག་གི་ཐུགས་རྗེ་བདག་རྐྱེན་རྨད་དུ་བྱུང་བ་ལ་བརྟེན་ནས་༼ཨུ་རྒྱན་འགྲོ་འདུལ་གླིང་གི་རྒན་གསོ་ཁང་༽གསར་བཞེངས་ལེགས་གྲུབ་བྱུང་བའི་དབུ་འབྱེད་རྟེན་འབྲེལ་མཛད་སྒོ་ཕུན་སུམ་ཚོགས་པ་ཉིན་གཉིས་རིང་སྤེལ་ཡོད། དེ་ཡང་བོད་ཚེས་ ༢༢ ཉིན་ཨ་འཛོམ་ཤེས་ཡོན་ལྷན་ཚོགས་ཀྱི་དྲུང་ཆེ་སློབ་དཔོན་ཀརྨ་བློ་བཟང་དང་ནུབ་རི་ཨུ་རྒྱན་འགྲོ་འདུལ་གླིང་རྒན་གསོ་ཁང་ཚོགས་པའི་དྲུང་ཆེ་ཟླ་བ་རྣམ་གཉིས་ནས་ལས་རིམ་ཁག་ངོ་སྤྲོད་དང་འབྲེལ། རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་མཆོད་གནས་དགེ་འདུན་གྱི་སྡེ་རྣམ་པ་གཉིས་དང་། གནམ་རོང་། ཚག ཀོག པྲོག་བཅས་ཡུལ་ཚོ་བཞིའི་དབུ་བླ་རྣམ་པ་དང་། རྫོང་སྤྱི་བདེ་ལས་ཁང་གི་དཔོན་པོ་དང་། ཡུལ་དེའི་འགོ་འཁྲིད་རྣམ་པ། སྐུ་མགྲོན་རྣམ་པ་བཅས་མི་སེར་བརྒྱ་ཕྲག་དུ་མ་འདུ་འཛོམས་ཀྱིས་རྟེན་འབྲེལ་ལམ་ཡག་གིས་དབུ་བརྩམས་ནས་། རབ་གནས་དང་། གཏམ་བཤད། དམིགས་བསལ་ཐུགས་རྗེ་ལེགས་འབུལ་གནང་བ་སོགས་གྲུབ་རྗེས་གླིང་བྲོ་བདེ་ཆེན་རྡོ་རྗེའི་རོལ་མོ་ཞེས་བྱ་བ་ཡུལ་དེར་སྔར་མེད་གསར་དུ་འཁྲབ་སྟོན་གྱིས་མཐའ་བརྒྱན་ཏེ་༼ཨུ་རྒྱན་འགྲོ་འདུལ་གླིང་གི་རྒན་གསོ་ཁང་༽གསར་བཞེངས་ལེགས་གྲུབ་བྱུང་བའི་དབུ་འབྱེད་རྟེན་འབྲེལ་མཛད་སྒོ་དངོས་གཞི་སྤེལ་ཡོད། བོད་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཨ་འཛོམ་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་སློབ་དཔོན་ནོར་བུ་བཀྲ་ཤིས་ནས་མི་མང་ལ་ནང་ཆོས་ངོ་སྤྲོད་བྱས་ཤིང་། ཕྱི་དྲོ་ཨ་འཛོམ་ནམ་སྤྲུལ་རིན་པོ་ཆེ་འགྱུར་མེད་རྒྱ་མཚོ་མཆོག་ནས་མི་མང་ལྔ་བརྒྱ་ཡས་མས་ལ་རིག་འདུས་ཚེ་དབང་གི་བཀའ་དྲིན་བསྐྱངས་མཐར་རྟེན་བཞུགས་དང་། ཨ་འཛོམ་མཁན་པོ་བསྟན་འཛིན་ནོར་བུ་མཆོག་ལ་རྟེན་བཞུགས་བཅས་ཉིན་གཉིས་རིང་གི་ལས་དོན་ཆ་ཚང་བ་མཐའ་ལེགས་པར་གྲུབ་པའི་པར་བརྙན་འགའ་ཞིག་བཀུས་འོས་འབྲེལ་ཡོད་ཡོངས་ལ་གཟིགས་འབུལ་ཞུས་པ་ལགས་སོ།། །།